གྲོགས་ཀྱིས་འོས་སྦྱར་བ་ལྟར་དུ་གློག་བརྙན་འདིར་༢༠༢༠ལོའི་མཚན་མོའི་སྔ་ཐུན་ཙམ་ལ་བལྟས། གྱན་གང་གི་བར་སྟོང་ལས་མེད་པའི་བརྙན་འཕྲིན་ཐད་གཏོང་ཁང་ཞིག་ནི་གཏམ་རྒྱུད་ཀྱི་ཁོར་ཡུག་ཏུ་བྱས་ཤིང་། གྱན་ཆུང་འདི་ལས་བས་མཐའི་བཟོ་བ་ཞིག་གི་འཚོ་གནས་ཀྱི་ཕྱིར་དུ་ཟམ་པར་སླར་གསོ་བྱེད་པའི་གོ་རིམ་ཁྲོད་དུ་སྟབས་མ་ལེགས་པར་ཆུར་ནུབ་ཅིང་། གཞུང་ཕྱོགས་ནས་དོན་རྐྱེན་དེ་ལ་གསལ་བཤད་དང་གྱོང་གསབ་གང་ཡང་མ་བྱས་པའི་རྐྱེན་བྱས་ཏེ། བཟོ་བའི་བུ་ཡིས་འཐུས་ཚང་བའི་འཆར་གཞི་ལ་བརྟེན་ནས་གཞུང་གི་ཁ་གཏད་དུ་ལངས་ཤིང་། བརྙན་འཕྲིན་ཁང་ལ་ཚོད་འཛིན་བྱས་ཏེ། སྲིད་འཛིན་གྱི་དགོངས་དག་ཞུ་བའི་ཚིག་གཅིག་གི་དོད་དུ། ཟམ་པ་འགས་གཏོར་ནས་མགོ་བརྩམས་ཏེ། སྤྱི་ཚོགས་ལ་ཤ་འཁོན་སློག་པའི་སྦྱོར་བ་བརྩམས་ཤིང་། གནས་དབྱུང་བཏང་བའི་སྙན་སྒྲོན་པ་ཞིག་གིས་གོ་གནས་སླར་གསོའི་ཕྱིར་དུ་གསར་འགྱུར་སྒྲོག་པའི་འགན་ལྷུར་བླངས་པ། སྲིད་འཛིན་གྱིས་མཚོན་པའི་གཞུང་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཐ་སྙད་ཀྱིས་དགོངས་དག་ཞུ་རྒྱུར་གཡོལ་ཞིང་། བརྙན་འཕྲིན་ཁང་གི་ཁ་མགོ་བ་དག་གིས་ཀྱང་བརྙན་འཕྲིན་ལ་ལྟ་བའི་མི་གྲངས་ཇེ་མང་དུ་གཏོང་ཕྱིར་སྲོག་གི་འཇིགས་སྐུལ་འོག་ཏུ་གནས་པའི་སྙན་སྒྲོན་པར་རམ་འདེགས་བྱ་རྒྱུ་ཕར་ཟད། ཐ་ན་ཁོ་རང་འཆི་ལམ་དུ་བརྫངས་པའི་ཐབས་ཀྱང་བསྟར་བ། མཐའ་མར་ཤ་འཁོན་གླན་མཁན་གྱི་བུ་ཆུང་དེ་སྲིད་གཞུང་གི་མེ་མདས་བསད་ཅིང་། སྲིད་འཛིན་གྱིས་རླབས་ཆེ་བའི་རྒྱལ་ཁ་ཞེས་གཞུང་ཕྱོགས་ཀྱི་བྱེད་རྗེས་ལ་བསྟོད་བསྔགས་བྱེད་པའི་སྒྲའི་ཁྲོད་དུ་སྙིང་ཉེ་བའི་ཆུང་མ་ཡང་ལྔ་ལམ་དུ་ཆས་ཟིན་པ་མཐོང་བའི་སྙན་སྒྲོན་པས། ཆུ་ཚོད་གཅིག་ཙམ་གྱི་ཡུན་ལ། འཇིགས་སྐྲག་དང་། གློ་ལོག ཚུལ་འཆོས། གསོན་བྲལ་སོགས་ཀྱི་སྐྱོ་གར་མང་དག་ཅིག་བསྟུད་མར་མཐོང་ཞིང་། ཆེས་མཐའ་མཇུག་གི་འགས་གཏོར་ཆས་དེ་མནན་ནས་བརྙན་འཕྲིན་ཐོག་ཁང་དང་བཅས་པ་ཐལ་བའི་རྡུལ་དུ་བརླག་པ་རེད།
སྒྲུང་ནི་མཚམས་ལན་རེར་དངོས་ཡོད་ལས་ཀྱང་དངོས་ཡོད་ཡིན་ཏེ། གཏམ་རྒྱུད་དུ་དཀར་པོ་དཀར་རྐྱང་གི་མི་མེད་ཅིང་། ནག་པོ་ནག་རྐྱང་གི་མིའང་མེད། རང་དོན་འབའ་ཞིག་གི་ཕྱིར་དུ་འཕག་འཚག་དང་ཚུལ་འཆོས་འཁྲབ་ཀྱིན་པའི་མི་ལས་གང་ཡང་མེད། ཐ་ན་རྒྱལ་ཁ་ཐོབ་མཁན་དང་ཕམ་ཁ་རེག་མཁན་གྱི་མིའང་མི་སྣང་དེ། མིའི་གཉུག་གཤིས་ཀྱི་དཀར་ནག་འདྲེས་མའི་ཆ་དང་། མིས་འཇིག་རྟེན་དུ་འཁྲབ་ཀྱིན་པའི་དཀར་ནག་གཉིས་འདྲེས་ཀྱི་འཁྲབ་སྟོན་སོགས་དམར་རྗེན་དུ་བསྟར་ཡོད།